导图社区 སྒོ་འགྲམ་དུ།
高一藏文 第一册 第四节课
编辑于2022-10-15 15:26:53 西藏自治区སྒོ་འགྲམ་དུ།
༡ ཁ་བྱང་གསལ་འགྲེལ།
སྒོ་འགྲམ།
རྒྱལ་སྒོའི་འགྲམ།
དུ།
ལ་དོན་ཕྲད་ལས་རྣམ་དབྱེ་བདུན་པ་བརྟེན་གནས་སམ་གནས་གཞི།
༢ རྩོམ་སྟངས།
རང་མོས་སྙན་ངག་ལས་ཆོས་ཉིད་བརྗོད་པའི་སྙན་ངག་ཡིན།
༣ རྩོམ་པ་པོ།
བློ་གསལ།
༤ རྩོམ་འབྲིའི་ཤེས་བྱ།
སྙན་ངག་གི་གོ་དོན།
ཚིག་སྦྱོར་རྣ་བར་སྙན་ཞིང་ཡིད་དབང་འཕྲོག་པའི་རྗོད་བྱེད་ཚིག་གི་ཕྲེང་བ་ལ་ཟེར།
སྙན་ངག་གི་དབྱེ་བ།
ངོ་བོའི་སྟེང་གི་དབྱེ་བ།
དུང་སེམས་མཚོན་པའི་སྙན་ངག
དོན་བརྗོད་སྙན་ངག
རྣམ་པའི་སྟེང་གི་དབྱེ་བ།
སྲོལ་རྒྱུན་སྙན་ངག
ཚིགས་བཅད་ཤོ་ལོ་ཀ་གཅིག་ལ་ཚིག་རྐང་བཞི་དགོས་ཤིང་། ཚིག་རྐང་སོ་སོའི་ཚེག་བར་གྱི་ཆ་ལ་སྡེབ་སྟངས་དང་། གཅོད་མཚམས་གཅིག་ཏུ་ངེས་པའི་རྩོམ་སྲོལ་ཞིག་ལ་ཟེར།
རང་མོས་སྙན་ངག
སྲོལ་རྒྱུན་སྙན་ངག་གི་རྩོམ་སྲོལ་ལས་ཆེས་ཆེར་བརྒལ་ནས་ཚེག་བར་དང་རྐང་པའི་གྲངས་ལ་ངེས་པ་མེད་པར་གང་བདེར་བྲིས་ཆོག་པའི་དེང་དུས་ཀྱི་སྙན་ངག་གསར་པའི་རྩོམ་སྲོལ་ལ་ཟེར།
རང་མོས་སྙན་ངག་གི་འབྱུང་འཕེལ།
དུས་རབས་༡༩ པར་ཨ་རིའི་དམངས་གཙོ་རིང་ལུགས་ཀྱི་སྙན་ངག་མཁན་པོ་ཧེས་ཐི་མྰན་(惠特曼)གྱིས་《རྩྭ་ལོ་གཅེས་བཏུས་》ཞེས་པ་དེ་བརྩམས་པ་ནས་དངོས་སུ་དབུ་བརྙེས།
སྤྱི་ལོ་༡༩༢༠ལོར་རྒྱ་རིགས་རྩོམ་པ་པོ་ཧུའུ་ཧྲི་(胡适)ཡི་《ཚོད་ལྟའི་སྙན་ངག་གཅེས་བཏུས་》ཞེས་པ་པར་དུ་བསྐྲུན་པ་ལས་རྒྱལ་ནང་དུ་དར་བའི་མཚོན་རྟགས་ཡིན།
དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་སྟོད་དེ་སྤྱི་ལོ་༡༩༨༣ལོའི་སྦྲང་ཆར་དེབ་གཉིས་པའི་སྟེང་དཔལ་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་《ལང་ཚོའི་རྦབ་ཆུ་》བཀོད་པ་ནས་རང་རེའི་བོད་ལའང་འབྲི་སྲོལ་འདི་བྱུང་།
སྲོལ་རྒྱུན་སྙན་ངག་དང་རང་མོས་སྙན་ངག་ལ་ཁྱད་པར་གང་ཡོད་དམ།
སྲོལ་རྒྱུན་སྙན་ངག་ལ་ཚིགས་བཅད་རྐང་པ་བཞི་ལྡན་ལ་ཚེག་བར་རིང་ཐུང་ངེས་པར་དུ་དོ་མཉམ་དགོས་པ་དང་། མངོན་བརྗོད་སོགས་ཚིག་རྒྱན་གྱིས་བཀླུབས་པ་ཤས་ཆེ་ཞིང་། རང་མོས་སྙན་ངག་ནི་དེ་དག་གི་བཀག་རྒྱ་ལས་ཡོངས་སུ་གྲོལ་ཏེ་རྩོམ་པ་པོའི་ཡིད་ཀྱི་དྲན་འཆར་རྣམས་བརྗོད་བྱའི་དོན་གྱི་རོ་ཉམས་ཕུན་སུམ་ཚོགས་པའི་ལམ་ནས་བྲིས་ཆོག་གོ
སྙན་ངག་དང་སྙན་རྩོམ་གྱི་ཁྱད་པར་ཅི་ཡོད་དམ།
སྤྱིར་ན་སྙན་ངག་དང་སྙན་རྩོམ་གཅིག་ཏུ་ངོས་འཛིན་ན་ཆོག ཞིབ་པར་བསམ་ན་དེ་གཉིས་ལའང་ཁྱད་པར་ཕྲན་བུ་ཡོད་དེ། ཁྱབ་ཆེ་ཆུང་ཡོད་པ་སྟེ། སྙན་ངག་ཟེར་ན་གཞུང་ལུགས་དང་རྩོམ་རིག་བརྩམས་ཆོས་གཉིས་ཀར་གོ་བ་ཞིག འོན་ཏེ་སྙན་རྩོམ་ཟེར་ན་རྩོམ་རིག་བརྩམས་ཆོས་ཁོ་ནར་འཇུག་པའི་ཐ་སྙད་ཅིག་གོ
སྙན་གཞུང་ནི་སྙན་ངག་ཇི་ལྟར་རྩོམ་ཚུལ་གྱི་རིགས་པའི་གཞུང་ལུགས་ལ་ཟེར།
《སྙན་ངག་མེ་ལོང་མ་》དེའི་འགྲེལ་པ་ལ།
《མཁས་འཇུག》
《དབྱངས་ཅན་དགྱེས་གླུ།》
གཉིས་ཡོད།
སྙན་གཞུང་དང་སྙན་ངག་ལ་མུ་ག་ཚོད་ཡོད།
མུ་བཞི་ཡོད་དེ།
སྙན་ངག་ཡིན་ལ་སྙན་གཞུང་མ་ཡིན་པ།
《དཔྱིད་ཀྱི་བདག་མོ་ལྷ་ལས་བབས་པ།》
སྙན་ངག་མིན་ལ་སྙན་གཞུང་ཡིན་པ།
《སྙན་ངག་མེ་ལོང་མ།》
སྙན་ངག་ཡིན་ལ་སྙན་གཞུང་ཡང་ཡིན་པ།
《དབྱངས་ཅན་དགྱེས་གླུ།》
སྙན་ངག་མིན་པ་སྙན་གཞུང་ཡང་མིན་པ།
《སྨྲ་སྒོ་མཚོན་ཆ།》
《སྙན་ངག་མེ་ལོང་མ།》(诗镜)གི་རྩོམ་པ་པོའི་མཚན་ལ་ཅི་ཞུའམ།
སློབ་དཔོན་དབྱུག་པ་ཅན།
བདག་རྫས་ཀྱི་འབྲེལ་བ་ལ་བརྟེན་ནས་ཐོགས་པ་ཡིན།
《སྙན་ངག་མེ་ལོང་མ།》བོད་ཡིག་ཏུ་ཐོག་མར་བསྒྱུར་མཁན་སུ་ཡིན་ནམ།
ས་སྐྱ་པཎྡི་ཏ་ཀུན་དགའ་རྒྱལ་མཚན་ཡིན།
《མཁས་འཇུག》
《སྙན་ངག་མེ་ལོང་མ།》ཆ་ཚང་བསྒྱུར་མཁན་སུ་ཡིན་ནམ།
ཤོང་སྟོན་ལོ་ཙྰ་བ་རྡོ་རྗེ་རྒྱལ་མཚན།
འཆད་ཉན་རྒྱ་ཆེར་སྤེལ་མཁན་མཚན་ལ་ཅི་ཞུ།
དཔང་ལོ་ཙྰ་བ་བློ་གྲོས་བརྟན་པ།
སྙན་ངག་མེ་ལོང་མའི་བརྗོད་བྱ་གསུམ་ནི།
ལུས།
ལུས་ནི་བརྗོད་པར་འདོད་པ་ཡི། ། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་། །
རྒྱན།
སྙན་ངག་མཛེས་པར་བྱེད་པ་ཡི། ། ཆོས་རྣམས་རྒྱན་ཞེས་རབ་ཏུ་བརྗོད། །
ཐུན་མོང་རྒྱན།
དོན་རྒྱན། ༣༥
སྒྲ་རྒྱན། ༣
གབ་ཚིག་གི་རྒྱན། ༡༦
ཐུན་མོང་མ་ཡིན་པའི་རྒྱན།
སྐྱོན་སེལ།
བོད་ལ་རང་མོས་སྙན་ངག་དུས་ནམ་ཞིག་ལ་དར་བ་ཡིན་ནམ།
དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་པའི་སྟོད་ལ་《ལང་ཚོའི་རྦབ་ཆུ་》སྤེལ་བ་ནས་བཟུང་སྟེ། བོད་ལ་རང་མོས་སྙན་ངག་དར་བ་ཡིན།
ཅི་འདྲ་ཞིག་ལ་ཆོས་ཉིད་སྙན་ངག་(哲理诗)ཟེར།
སྙན་ངག་པའི་མཚན་ཉིད་རིག་པའི་ལྟ་བ་མཚོན་པ་དང་། མཚན་ཉིད་རིག་པའི་གནས་ལུགས་ཚུར་སྣང་བྱེད་པའི་སྙན་ངག་ཅིག་ཡིན།
༡༡ རིག་པ་སྦྱོང་བརྡར།
ཁྱི་རྒན་གྱིས་རུས་པ་མུར་དོན་ཅི།
འུ་ཐུག་ཐབས་ཟད་ཀྱི་དབང་དུ་གྱུར་པས་ཡིན།
《སྒོ་འགྲམ་དུ་》ཞེས་པའི་སློབ་ཚན་ནང་གི་ཀྱི་ཧུད་ཅེས་པས་ཅི་ཞིག་མཚོན།
ཁྱི་རྒན་ལ་ཟུར་ཟ་བྱེད་པ་མཚོན།
《སྒོ་འགྲམ་དུ་》སློབ་ཚན་ཁྲོད་ཀྱི་ཀྱེ་མ་དང་ཀྱི་ཧུད་གཉིས་ཀྱི་དོན་ཅི་ཞིག་མཚོན།
ཁྱི་རྒན་གྱིས་རང་གི་ཡ་རྐན་གྱི་ཁྲག་དེ་རུས་པའི་བཅུད་དུ་སྒོམ་ནས་འཇིབ་པར་ཡ་མཚན་ནས་ཀྱེ་མ་ཞེས་བརྗོད་པ་དང་འཚོ་བ་དེ་ལྟར་མ་རོལ་ན་ཐབས་མེད་པས་ཡིད་མུག་ནས་ཀྱི་ཧུད་ཅེས་བརྗོད་པའོ།
《ས་སྐྱ་ལེགས་བཤད་》དུ་ཁྱི་རྒན་ཡ་རྐན་ཕུག་པའི་ཁྲག་དང་རུས་པ་བཅུད་དུ་བསྒོམས་ནས་འཆའ་ཞེས་པ་དང་སློབ་ཚན་འདིའི་ཁྱི་རྒན་གྱི་རུས་པ་འཆའ་བ་གཉིས་ཀྱི་དོན་སྟོན་ཚུལ་ལ་མི་འདྲ་བ་ཅི་ཞིག་ཡོད་དམ།
ལེགས་བཤད་ཀྱི་དོན་དེ་སྙན་ངག་གི་ལམ་ནས་གཟུགས་བརྙན་ལྡན་པའི་སྒོ་ནས་མཚོན་ཡོད། ཡིན་ནའང་། 《ས་སྐྱ་ལེགས་བཤད་》དུ་ཁྱི་རྒན་གྱིས་རུས་པ་འཆའ་བ་དང་། རང་གི་ཁྲག་རུས་པའི་བཅུད་དུ་བསམས་ནས་འཇིབ་པ་དེར་སྨད་པ་མ་ཟད་ཁྱིའི་མ་ཤེས་པར་འཕྱ་དམོད་བྱས་ཡོད། འོན་ཀྱང་སྙན་ངག་འདིར་རྩོམ་པ་པོས་མི་ཚེའི་ཁྲོད་དུ་ལས་དབང་གི་མཐུ་བཙན་པའི་དབང་གིས་ཁྱི་རྒན་གྱི་རུས་པ་འཆའ་བ་ལྟ་བུའི་ལས་ལ་འུ་ཐུག་གཏོལ་མེད་ཀྱི་གནས་སུ་གྱར་བའི་མི་ལ་སྙིང་རྗེ་སྐྱེས་པ་དང་། གདུང་སེམས་བཅངས་པ་དེ་མཚོན་ཡོད་པས། དོན་སྙིང་ཧ་ཅང་གི་གཏིང་ཟབ་པོ་ཡོད།
སློབ་ཚན་འདིར་རྩོམ་པ་པོས་ཁྱི་རྒན་སྡོད་སའི་ཁོར་ཡུག་ཇི་ལྟར་ཞིབ་འབྲི་བྱས་འདུག་གམ།
“ས་ཡི་མཁར་ཆེན་རྔམས་མཐོ། ཤིང་གི་སྒོ་མོ་བརྗིད་ཆེ། སྒོ་འགྲམ་གྱི་ཁྱི་རྒན་ཉམ་ཐག་”ཅེས་ཁྱི་རྒན་སྡོད་སའི་ཁོར་ཡུག་དེ་འཇིགས་སུ་རུང་བའམ་གནས་བབ་ཡ་ང་བ། ལས་དབང་བཟློག་ཐབས་མེད་པ་ཞིག་མཚོན་པར་བྱས་ཡོད།
ཁྱི་རྒན་གྱིས་རུས་པ་འཆའ་ཚུལ་གྱི་རྣམ་པ་དང་ཁྱིའི་སྣང་བརྙན་ཇི་ལྟར་ཞིབ་འབྲི་བྱས་འདུག་གམ།
ཁྱི་རྒན་གྱིས་ཐོག་ཏུ་ཤ་ཅི་ཡང་མེད་པའི་རུས་པ་ཞིག་ཁ་ནང་དུ་འཕྲེད་དུ་བཟུངནས་། ལག་པ་གཉིས་ཀྱིས་རུས་པའི་སྣེ་གཅིག་དམ་པོར་བཟུང་ནས་གཡས་དམུར་དང་གཡོན་དམུར་བྱེད་པ་དང་། མིག་གཉིས་བཙུམ་མ་ཕྱེའི་ངང་ནས་ཤིན་ཏུ་ཞིམ་སྣང་དང་། རུས་པས་ཡ་རྐན་ཕུག་པའི་ཟུངས་ཁྲག་རུས་པའི་བཅུད་དུ་སྒོམ་ནས་འཆའ་བའི་སྣང་བརྙན་གསོན་ཉམས་ལྡན་པར་ཞིབ་འབྲི་བྱས་ཡོད།
ཁྱི་རྒན་གྱིས་རུས་པ་འཆའ་ཚུལ་གྱི་རྣམ་པ་དང་ཁྱིའི་སྣང་བརྙན་ཇི་ལྟར་ཞིབ་འབྲི་བྱས་པ་དེས་དོན་མཚོན་པར་ནུས་པ་ཅི་འདྲ་ཐོན་ཡོད་དམ།
དེ་ལྟར་ཞིབ་འབྲི་བྱས་པ་དེས་དཀའ་སྡུག་ཉམ་ང་དང་གཏོལ་མེད་འུ་ཐུག་གི་གནས་སུ་གྱར་པའི་མི་ཚེའི་ལས་དབང་དེ་གབ་ཅིང་མངོན་ཆུང་གི་སྒོ་ནས་མཚོན་པར་བྱེད་པར་ནུས་པ་གལ་ཆེན་ཐོན་ཡོད།
༡༠ རྩོམ་སྟངས་ཁྱད་ཆོས།
ཚིག་ཉུང་ཞིང་བརྗོད་བྱའི་དོན་ཟབ་ཅིང་སྒམ་ཆེ་བ།
གསོན་ཉམས་ལྡན་པའི་སྣང་བརྙན་ནམ་ཡིད་བརྙན་ཞིབ་འབྲིའི་ཐབས་ལ་བརྟེན་ནས་མི་ཚེའི་ཆོས་ཉིད་དམ་གནས་ལུགས་ཟབ་མོ་གབ་ཅིང་མངོན་ཆུང་གི་སྒོ་ནས་མཚོན་པར་བྱས་ཡོད།
གོ་རིམ་གསལ་ལ་བློས་བསླངས་ངོ་མཚར་ཞིང་སྙིང་རྗེ་དང་གདུང་སེམས་ཀྱི་ཚོར་འདུ་ཤུགས་དྲག་པ།
༩ བརྗོད་བྱའི་སྙིང་པོའམ་བསྟན་དོན།
རང་མོས་སྙན་ངག་འདིར་རྩོམ་པ་པོས་སྒོ་འགྲམ་དུ་ཁྱི་རྒན་ཞིག་གིས་རུས་པ་འཆའ་བའི་རྣམ་པ་བྲིས་ཏེ། འཇིག་རྟེན་གྱི་མི་ཚེའི་སྐྱིད་སྡུག་དང་། དཀའ་སྡུག་གི་འཚོ་བ། གཏོལ་མེད་འུ་ཐུག་དང་འདྲ་མཉམ་མིན་པའི་ལས་དབང་དེ་མཚོན་པར་བྱས་ཡོད།
༨ བརྩམ་ཆོས་དེའི་བསམ་བློའི་རང་བཞིན།
སྙན་ངག་འདིར་ཁྱི་རྒན་གྱིས་རུས་པ་འཆའ་བའི་ངང་ཚུལ་བྲིས་པ་བརྒྱུད་ནས་མི་ཚེའི་སྐྱིད་སྡུག་མཚོན་ཡོད་དེ། སྐྱིད་ལ་སྡུག་པའི་འཇིག་རྟེན་མི་ཡུལ་དུ་འཁོས་མེད་ཉམ་ཐག་གི་འཚོ་བ་ནི་འདི་འདྲའི་ཡིད་སྐྱོ་བ་དང་། འུ་ཐུག་པ་ཞིག་ཡིན། ཁྱི་རྒན་ལ་མཚོན་ན། རུས་པ་སྐམ་པོ་འཆའ་བ་ནི་སྐྱིད་ཅིག་མིན་པར། འུ་ཐུག་པའི་ལས་ཤིག་ཡིན་པ་དང་། ཁོག་ཏུ་མེད་པ་ནི་སྡུག་བསྔལ་ཞིག་ཡིན། ཁྱི་ལ་ཤ་བཟའ་རྒྱུ་ཡོད་ན་རུས་ཆོག་འཆའ་དགོས་དོན་མེད་ལ། ཁོག་ཏུ་འཇིབ་པ་ནི་རང་གི་ཁྲག་ཡིན་པ་ཤེས་ན། རུས་ཆོག་དམུར་མི་སྲིད། དེ་ནི་གཅིག་ནས་འུ་ཐུག་པ་དང་། གཉིས་ནས་མ་ཤེས་པ་ལས་བྱུང་བ་ཡིན། དེ་འདྲའི་འུ་ཐུག་ཐབས་ཟད་དུ་གྱུར་པའི་དུས་སུ་རུས་ཆོག་མི་དམུར་རང་དམུར་ཡིན། ཡང་སྙན་ངག་འདིས་མཚོན་པ་ནི་འཚོ་བའི་ཁྲོད་དབུལ་བ་ལ་བརྟེན་ནས་བྱུང་བའི་འུ་ཐུག་གི་གནས་བབ་ཙམ་ཁོ་ན་མ་ཡིན་པར། དངོས་ཡོད་འཚོ་བའི་ཁྲོད་དུ་ཕྲད་པའི་ཡ་ང་བའི་དོན་དག་གང་རུང་ལ་བརྟེན་ནས་བྱུང་བའི་གཏོལ་མེད་འུ་ཐུག་ཏུ་གྱུར་པའི་ལས་དབང་དེ་མཚོན་ཡོད།
༧ སློབ་ཚན་དབྱེ་ཞིབ།
“ས་ཡི་མཁར་ཆེན་རྔམས་མཐོ། ཤིང་གི་སྒོ་མོ་བརྗིད་ཆེ། སྒོ་འགྲམ་གྱི་ཁྱི་རྒན་ཉམ་ཐག་”ཅེས་པའི་ཚིགས་བཅད་དང་པོར་ཁྱི་རྒན་སྡོད་སའི་སྒོ་འགྲམ་གྱི་རྣམ་པ་དང་ཁྱི་རྒན་ཉམ་ཐག་པ་བྲིས་ཏེ། ཁྱི་རྒན་གནས་སའི་ཁོར་ཡུག་འཇིགས་ཆེ་བ་དང་། ཁྱི་རྒན་གྱི་གནས་བབ་མི་བཟང་ཞིང་། གོ་གནས་དམན་པ་མཚོན་ཡོད།
"ཤ་ཟད་རུས་ཆག་ཅིག ཁ་རུ་འཕྲེད་དུ་ཟུང་། སྣེ་གཅིག་ལག་བཟུང་གིས། མི་ལྷོད་དམ་པོར་མནན། མིག་ཟུང་ཕྱེད་བཙུམས་ཀྱིས། གཡས་མུར་དང་གཡོན་མུར་བྱེད། ལྟོས་དང་། ཅི་འདྲའི་ཞིམ་སྣང་ཆེ་བ་ལ།"ཞེས་པའི་ཚིགས་བཅད་གཉིས་པ་དང་། ཁྱི་རྒན་གྱིས་རུས་པ་འཆའ་བའི་རྣམ་པ་བྲིས་ཏེ་ཁྱིའི་འཚོ་བ་འཁོས་ཀ་ཧ་ཅང་སྡུག་པ་མཚོན་ཡོད།
"ཀྱི་ཧུད། རུས་ཆག་གིས་ཡ་རྐན་ཕུག ཡ་རྐན་ལས་ཟུང་ཁྲག་བབས། ཟུངས་ཁྲག་དེ་བཅུད་དུ་བསྒོམས། ཀྱི་ཧུད།"......ཁྱི་རྒན་གྱིས་ཡ་རྐན་རུས་པས་ཕུག་ཀྱང་དེ་བཅུད་དུ་རློམ་ནས་ཞིམ་སྣང་གིས་འཇིབ་པའི་རྣམ་པ་ཞིབ་འབྲི་བྱས་ནས་ཁྱི་རྒན་ལ་སྙིང་རྗེ་སྐྱེས་པ་མཚོན་ཡོད།
༦ ཐ་སྙད་མཆན་འགྲེལ།
རྔམས།
མཐུག་ཚད་ཀྱི་མིང་།
ཉམ་ཐག
ལུས་སྟོབས་ཧ་ཅང་ཞན་པའི་དོན།
རུས་ཆག
ཤ་ཟད་པའི་རུས་པ་སྐམ་པོ།
མུར།
དམུར་ཏེ། ཟས་སྲ་མོའི་རིགས་ཟ་སྐབས་ཆོད་ཀྱིན་མེད་པའི་རྣམ་པ།
ཀྱི་ཧུད།
སྡུག་བསྔལ་ལམ་མྱ་ངན་བྱེད་པའི་ཚིག
༥ སློབ་ཚན་ངོ་སྤྲོད།
སློབ་ཚན་འདི་ནི་རང་མོས་སྙན་ངག་ལས་ཆོས་ཉིད་སྙན་ངག་ཅིག་ཡིན་ལ། སྙན་ངག་འདིར་རྩོམ་པ་པོས་བརྗིད་ཅིང་རྔམས་པའི་སྒོ་ཆེན་ཞིག་གི་འགྲམ་དུ་ཁྱི་རྒན་ཞིག་གིས་རུས་པ་འཆའ་བའི་སྣང་བརྙན་ཞིབ་འབྲི་བྱས་ཏེ་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་ཉམ་ང་བའི་ལས་དབང་དང་མི་ཡུལ་སྐྱིད་སྡུག་མཚོན་པར་བྱས་ཡོད།